༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། འདིར་འཆི་མེད་ཚེའི་རིག་འཛིན་བསྒྲུབ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང། སྒྲུབ་ཐབས་དངོས་གཞི་འདི་ལྟར། ཨོཾ་སབྷཱ་ཝ་ཤུདྡྷཱ་ [145A]༄༅། །སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་ཉཧཾ། སྟོང་པ་ཉིད་དུ་གྱུར། ཆོས་དབྱིངས་ངང་ལས་རང་ཉིད་བཅོམ་ལྡན་འདས། །ཚེ་དཔག་མེད་མགོན་གསལ་བའི་སྤྱི་གཙུག་གི་མདུན་གྱི་ནམ་མཁར་པདྨ་ཟླ་བའི་སྟེང། ། ཧྲཱི་ཡིག་དམར་པོའི་འཕྲོ་འདུ་ལས་བྱུང་བའི། །རྩ་བའི་བླ་མ་མགོན་པོ་ཚེ་དཔག་མེད། །སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས། །འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། །རྣམ་མང་རིན་ཆེན་རྒྱན་ གྱིས་རྣམ་པར་བརྒྱན། །ཡིད་འོང་ལྷ་རྫས་དར་གྱི་ན་བཟས་མཛེས། །མཚན་དཔེའི་དཔལ་འབར་འཇའ་ཚོན་འཁྲིགས་པའི་དབུས། །ཞབས་གཉིས་བསྙམས་པར་བཞེངས་པའི་ཐུགས་ཀ་ཡི། །ཧྲཱི་ཡིག་འོད་ཀྱིས་རང་འདྲའི་ ཡེ་ཤེས་པ། །དབང་ལྷར་བཅས་པ་སྤྱན་དྲངས་དེ་ལ་ཐིམ། །དབང་བསྐུར་འོད་དཔག་མེད་པས་དབུ་ལ་བརྒྱན། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། ཅེས་པ་ནས། སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། ། ཞེས་པའི་བར་དང། མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་དུ་གསོལ། །རྟག་པར་ཁྱེད་བཞུགས་འདིས་མཚོན་དགེ་བའི་ཚོགས། །འགྲོ་རྣམས་སྒྲོལ་ཕྱིར་བྱང་ཆུབ་ ཆེན་པོར་བསྔོ། དེ་ནས། ཉི་གཞོན་འཆར་ཀ་མ་སོགས་ཀྱིས་བསྟོད་ཅིང། གསོལ་བ་བཏབ་པས། ཚེ་དཔག་མེད་དེ་ཉིད་དགྱེས་བཞིན་ཚེའི་བདུད་རྩིར་ཞུ་ནས། རང་ལ་ཐིམ་པས། རང་ཉིད་སྐད་ཅིག་གིས་ཚེ་དཔག་མེད་སྐུ་ [145B] ལོངས་སྤྱོད་རྫོགས་སྐུའི་རྣམ་པ་ཅན། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གསལ་བའི་ཐུགས་ཀར་ཟླ་གདན་ལ་ཧྲཱི་ཡིག་དམར་ པོའི་མཐར། ཨ་མ་ར་ཎི་དང། ཚེ་གཟུངས་ཀྱིས་བསྐོར་བའི་འོད་ཟེར་གྱིས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་དང། མདོར་ན། སྲིད་ཞིའི་ཕུན་ཚོགས་ཐམས་ཅད་ཚེའི་བདུད་རྩིའི་རྣམ་པར་བཀུག་རང་གི་ལུས་ལ་ཐིམ་ པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ཏེ། གཟུངས་རིང་དང། ཁྱད་པར། ཨོཾ་ཨ་མ་ར་ཎི་ཛཱི་ཝནྟཱི་ཡེ་སཱཧཱ། ཞེས་པའི་གཟུངས་ཐུང་བརྒྱ་སྟོང་ཁྲི་འབུམ་སོགས་བཟླའོ། །མཇུག་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག་ ཚེ་དཔག་མེད་པ་འགྲུབ་གྱུར་ནས། ཅེས་སོགས་དང། དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ། ཞེས་སོགས་དང། ཚེ་རབས་ཀུན་ཏུ་ཚེ་དཔག་མེད་པ་ཡིས། ཅེས་སོགས། བསྔོ་སྨོན་ ཤིས་བརྗོད་དང་བཅས་པ་བྱའོ། །ཚུལ་འདི་ལྟར་ཉིན་རེ་བཞིན་འཆག་མེད་དུ་ཉྨྶ་སུ་བླངས་ན། གནས་སྐབས་ཚེའི་བར་གཅོད་སེལ་ཞིང་ཚེ་རིང། མཐར་ཐུག་བདེ་བ་ཅན་དུ་སྐྱེ་བ་སོགས་ཕན་ཡོན་ཤིན་ཏུ་ཆེའོ། །གང་གི་མཚན་ ཙམ་དྲན་པས་འཆི་བདག་གི་མཆེ་བ་རིང་པོ་རི་མོའི་གནས་འགོད་པ། །ཚེ་ཡི་མཆོག་སྩོལ་དེ་ཡི་སྒྲུབ་ཐབས་འདི། །གུས་ལྡན་ནང་སོ་བཀྲ་ཤིས་རབ་བརྟན་གྱིས། །ཡང་ཡང་བསྐུལ་ཚེ་ཕྱོགས་བྲལ་གྱི། །རྒྱལ་ཁམས་མྱུལ་ [146A]༄༅། །བའི་བྱ་བྲལ་བ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། །ཐོགས་མེད་སྦྱར་བ་དགེ་ལེགས་འཕེལ།། །